非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
གྱང་རུལ་ཐོག་གི་རྒྱ་བཟའ་ཀོང་ཇོའི་མཛེས་རྣམ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 18:28:56   འབྱུང་ཁུངས།༇ཆོས་ལྡན་གྱིས་བསྒྱུར།

 

འཇོལ་རྫོང་གཡར་རྭ་ཤང་གླིང་ནང་བོད་རིགས་གྲོང་སྡེའི་གནའ་སྔའི་ས་ཚུགས་ཀྱི་གྱང་རུལ་ཐོག་གི་མགོ་ལ་སྐྲ་མདུད་འཁྱུད་པ་དང་ལག་པ་གཡུག་གཡུག་བྱས་ནས་བོད་རིགས་སྤུན་ཟླ་རྣམས་ལ་ཁ་བྲལ་བརྡ་གཏོང་བཞིན་པའི་བུ་མོ་མཛེས་མའི་སྐུ་བརྙན་དེ།ཕྲན་གཅིག་པུ་མ་ཚད་པར་རྒྱ་བཟའ་ཀོང་ཇོ་ལ་མཚུངས་ལུགས་ལབ་ཀྱི་ཡོད་པ་མ་ཟད།རྒྱ་བཟའ་ཀོང་ཇོ་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་མང་པོ་ཞིག་གིས་ཀྱང་བཟོ་ལྟ་དེ་ལ་བལྟས་རྗེས་མགོ་བོ་ལྕོག་ལྕོག་བྱས་ནས་ཁས་ལེན་པ་རེད།

ཡུན་ནན་ནས་བོད་ལ་སྐྱོད་པའི་ཇ་རྟའི་ཚོང་ལམ་དེ་གནའ་སྔ་མོ་ནས་བཟུང་ཧ་ཅང་དཀའ་ཚེགས་ཆེ་ཞིང་ཉེ་ཁའང་ཆེ་བ་ཡིན་པའི་བཤད་སྲོལ་ཡོད།ཕྲན་ཡུན་ནན་ནས་བོད་དུ་སྐྱོད་པའི་ལམ་ཐིག་དེ་ལ་ཐེངས་བརྒྱ་ལྷག་འགྲོ་མྱངས་ཡོད་དེ།ལམ་རྒྱད་ཀྱི་གྲོང་སྡེ་རེ་རེ་དང་ཆུ་ཕྲན་རེ་རེ་ཀུན་ལག་མཐིལ་ལྟར་རྒྱུས་མངའ་ཡོད།

ལམ་བར་ངེས་པར་དུ་ཀོང་རྩེད་ར་ལ་བརྒྱུད་དགོས།ཡུལ་ཚོ་དེ་ནི་ལམ་སུམ་མདོ་ཞིག་ཡིན་ཞིང་།གནའ་སྔ་མོ་ནས་བཟུང་བོད་དུ་སྐྱོད་པའི་གལ་ཆེའི་ས་ཚུགས་ཤིག་རེད།ཡུལ་ཚོ་དེར་གཟན་ཆག་དང་རྒྱགས་འབྲུ་འདང་ངེས་གྲ་སྒྲིག་མ་བྱས་ན།ལམ་བར་དུ་གཟན་ཆག་འབྲུ་རིགས་ཀྱི་འགན་ལེན་བྱེད་མི་ཐུབ་པས།གཟན་ཆག་དང་འབྲུ་རིགས་གྲ་སྒྲིག་འདང་ངེས་བྱ་དགོས།

ལམ་རྒྱུད་གཉིས་ཡོད་དེ།གཅིག་ནི་འཇོལ་ལ་ལས་བརྒལ་ནས་ལྷ་སར་སྐྱོད་པའི་ལམ་ཡིན་པ།ལམ་དེར་དབྱར་ཁར་འགྲོ་དུས་དཀའ་ངལ་མེད་ཀྱང་།དགུན་ཁར་སླེབས་པ་ན་ལམ་དེ་ལ་ཧ་ཅང་འགྲོ་དཀའ་པོ་ཡོད།འཇོལ་ལ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་500ལྷག་ཡོད་པའི་མཐོ་རི་ཞིག་ཡིན་པས།སྐྱེ་བོ་སྤྱིར་བཏང་བ་ཞིག་ཡིན་ན།འཇོལ་ལའི་མཐོ་ཚད་དེ་ཤེས་མ་ཐག་དངོས་གནས་སྐྱི་གཡའ་རྒྱུ་རེད།

ལམ་རྒྱུད་གཅིག་ནི་འབྲི་ཆུའི་རྒྱུད་དུ་བརྒྱུད་ནས་བྱང་ཕྱོགས་སུ་སྐྱོད་ན།ཐད་ཀར་བོད་ལྗོངས་ཀྱི་ཚྭ་ཁ་ལྷོར་ཞུགས་ཏེ་དེང་སང་གི་ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་རྒྱལ་ལམ་318ལམ་ཐིག་གི་གནའ་སྔའི་ས་ཚུགས་སུ་ཞུགས་ཆོག་ལ།ལམ་རྒྱུད་དེ་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གཞུང་ཕྱོགས་ཀྱི་ས་ཚུགས་ཤིག་རེད།ལམ་ཐིག་དེར་སྐྱོད་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་གི་གངས་རི་ལས་བརྒལ་མི་དགོས་ནའང་།ལམ་རྒྱུད་ཧྲིལ་པོ་འབྲི་ཆུའི་རྒྱུད་དུ་བརྒྱུད་དགོས་པས།བྲག་རི་གཡང་གཟར་གྱི་འཇིགས་སྣང་དང་སྟག་གཟིག་སྤྱང་ཀི་སོགས་རི་དྭགས་གཅན་གཟན་གྱི་འཇིགས་སྣང་ཐེབས་པའི་ཉེན་ཁ་ཡོད་ལ།མི་མེད་ལུང་སྟོང་དུའང་བརྒྱུད་དགོས་པས།དཀའ་ཚེགས་ཆེན་མོ་ཡོད།ལམ་རྒྱུད་དེ་ནས་བོད་ལྗོངས་ས་ཁོངས་སུ་ཞུགས་ན་ལམ་ཐག་སྤྱི་ལེ་200ལྷག་ཡོད་ལ།ལམ་བར་དུ་ས་ཚུགས་ག་ཚོད་ཡོད་པ་དཔྱད་ཡིག་འཚོལ་ཁུངས་མེད་ཀྱང་།མིང་གྲགས་ཆེས་ཆེ་ཞིང་ད་ལྟའང་རྗེས་ཤུལ་ཡོད་པ་ནི་གཡག་རྭ་གླིང་ནང་གྲོང་སྡེའི་ས་ཚུགས་དེ་ཡིན།

དེང་སང་།ས་དེ་གའི་བོད་རིགས་ཡུལ་མི་མང་པོ་ཞིག་གིས་ཀྱང་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་དེ་ས་ཚུགས་དེ་ནས་བརྒྱུད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཐུབ་པ་རེད།

སྤྱི་ལོ་640ལོར།སྲོང་བཙན་སྒམ་པོས་བློན་པོ་མགར་སྟོང་བཙན་མངགས་ནས་གསེར་དང་དངུལ་སོགས་ཀྱི་ནོར་བུ་རིགས་ཅན་འབོར་ཆེན་འཁྱེར་ཏེ་རྒྱ་ནག་ཁྲང་ཨན་དུ་མནའ་མ་སློང་བར་བསྐྱོད་པ་རེད།ཐང་ཐེ་ཙུང་གིས་བོད་བཙན་པོའི་སྟབས་ཤུགས་དང་མཛའ་མཐུན་སྒྲིག་པའི་ཆེད།རང་ཉིད་ཁྱིམ་རྒྱུད་ཀྱི་ཚ་མོ་རྒྱ་བཟའ་ཀོང་ཇོ་སྲོང་བཙན་སྒམ་པོར་མནའ་མ་བྱིན་པ་རེད།སྤྱི་ལོ་641ལོར།ཐང་ཐེ་ཙུང་གིས་ཅང་ཞ་ཝང་ལི་ཏའོ་ཙུང་ཆེད་དམིགས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པར་སྲུང་སྐྱེལ་དུ་མངགས་པ་རེད།ཁོང་ཚོ་སི་ཁྲོན་ནས་ཡུན་ནན་དུ་བརྒྱུད་དེ།འབྲི་ཆུའི་རྒྱུད་ཀྱི་ཀོང་རྩེད་ར་དང་གཡག་རྭ་ཤང་ནས་བོད་ལྗོངས་སུ་བསྐྱོད་པ་རེད།དེ་དུས།གཡགརྭ་ཤང་གི་བོད་རིགས་གྲོང་སྡེ་གླིང་ནང་ལ་ས་ཚུགས་དེ་བཙུགས་ཡོད།དེང་སང་མི་རྒན་པ་འགའ་ཡིས་ད་དུང་རྒྱ་བཟའ་ཀོང་ཇོ་ནི་ཁང་མིག་གང་དུ་བཞུགས་པ་དང་ལི་ཏའོ་ཙུང་ནི་ཁང་མིག་གང་དུ་བཞུགས་པ།བློན་པོ་འགར་སྟོང་བཙན་ནི་ཁང་མིག་གང་དུ་བཞུགས་པའི་སྐོར་ཞིབ་ཕྲ་བཤད་ཐུབ་པ་རེད།
     
   གཡར་རྭ་ཤང་ནི།ཡུན་ནན་དང་སི་ཁྲོན།བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་ས་མཚམས་སུ་གནས་ཡོད།གཡག་རྭ་ཤང་གླིང་ནང་གྲོང་སྡེའི་ཉེ་འགྲམ་གྱི་ཇ་རྟ་ཚོང་ལམ་ཐོག་གི་གནས་བོའི་ས་ཚུགས་དེ་འབྲི་ཆུའི་རི་འབུར་ཆུང་ངུ་ཞིག་གི་ཐོག་ལ་ཆགས་ཡོད།དེ་ལ་མཐོང་ལམ་ཡངས་ཤིང་རླུང་ལྷགས་མེད་ལ་ཉི་མ་དྲོ་པོ་ཡོད།ས་ཚུགས་དེ་དང་བོད་ལྗོངས་ཀྱི་སྨར་ཁམས་རྫོང་གི་ཚྭ་ཁ་ལྷོ་དང་བར་ཐག་སྤྱི་ལེ་20ལྷག་ཡོད་ལ།ཤར་ཕྱོགས་སི་ཁྲོན་ཞིང་ཆེན་གྱི་སྡེ་རོང་རྫོང་ཁོངས་གཏོགས་ཀྱི་འབྲི་ཆུའི་ངོགས་དང་བར་ཐག་སྤྱི་ལེ་2ཡོད།

གནའ་སྔའི་འདུ་འཛི་ཆེ་བའི་ས་ཚུགས་དེ་དེང་སང་ཡང་བསྐྱར་འདུ་འཇི་ཆེ་བར་གྱུར་ཡོད།

2000ལོར།བདེ་ཆེན་ཁུལ་གྱིས་གཡག་རྭ་ཤང་གསར་སྤེལ་བྱེད་ཆེད།འཇོལ་ལ་ནས་ས་ངོས་གཞུང་ལམ་ཞིག་བཟོས་ཏེ་གཡག་རྭ་ཤང་སྲིད་གཞུང་ལ་སླེབས་པ་རེད།ས་ངོས་གཞུང་ལམ་དེ་ཤར་གཏོང་ཐུབ་པར་བརྟེན།ཡུན་ནན་ཞིང་ཆེན་གྱི་ཆེས་མཐའ་མའི་གཞུང་ལམ་མེད་པའི་ཤང་གི་ལོ་རྒྱུས་དེ་མཇུག་བསྡུས་ཤིང་།གཡག་རྭ་ཤང་གི་ཡུལ་མིས་དུས་རྒྱུན་དུ་གཡག་དང་རྟ་དྲེལ་གྱིས་དངོས་ཟོག་འགེལ་བ་དང་མིས་ཁུར་པོ་འཁུར་བའི་ལོ་རྒྱུས་དེ་དངོས་སུ་མཇུག་བསྡུས་པ་རེད།2003ལོའི་ཟླ་9པར།བདེ་ཆེན་ཁུལ་སྲིད་གཞུང་གིས་ཡུན་ནན་ཟངས་ལས་ཚོགས་ཁག་ཀུང་སི་དང་གྲོས་མོལ་བྱས་ནས།གཡག་རྭའི་ཟངས་གཏེར་གསར་སྤེལ་བྱེད་རྒྱུའི་གྲོས་ཆོད་བྱས་ཤིང་།ལོ་ངོ་བཞིའི་རྩད་ཞིབ་དང་འཛུགས་སྐྲུན་བྱས་པར་བརྒྱུད་ནས།ལོ་རེར་ཟངས་གཏེར་ཏུན་ཁྲི་ཐོན་ཐུབ་པའི་གཏེར་འདོན་བཟོ་གྲྭ་ཞིག་བཙུགས་པ་རེད།

གནམ་ལམ་ནི་དེ་སྔོན་གྱི་གནའ་ལམ་ཡིན་ཞིང་།གྱང་རུལ་ཡང་དེ་སྔོན་གྱི་གྱང་རུལ་ཡིན།འོན་ཀྱང་།གྱང་རུལ་དེའི་འགྲམ་དུ།2000ལོར།ཨར་འདམ་ཁང་པ་ཞིག་བཟོས་ནས་དེ་དུས་ཀྱི་ལམ་བཅོས་ས་ཚིགས་ཀྱི་ལམ་སྐྱོང་པའི་སྡོད་ཁང་བྱས་པ་རེད།ད་ལྟ།ས་ཚུགས་འགྲམ་གྱི་རྒྱ་བོད་མང་ཚོགས་ཀྱིས་དེ་ལ་ལམ་བཅོས་ས་ཚིགས་ཞེས་འབོད་ཀྱི་ཡོད།གཏེར་རིའི་རྒྱུ་ནོར་ཇེ་མང་དུ་སོང་བ་དང་བསྟུན་ནས།གཏེར་རི་དེ་བདེ་ཆེན་ཁུལ་གྱི་བཟོ་ལས་ལྟེ་གནས་ཤིག་ཏུ་གྱུར་ཡོད་ཅིང་།དེ་སྔོན་གྱི་ས་ངོས་གཞུང་ལམ་དེ་ད་ལྟའི་སྣུམ་ལམ་དུ་གྱུར་ཡོད་ལ།དེ་སྔོན་གྱི་སྟག་དང་སྤྱང་ཀི་འདུ་བའི་གངས་རི་དེ་ད་ལྟ་མཚན་མོར་གློག་འོད་རབ་ཏུ་གསལ་བའི་གྲོང་མཁར་དུ་ཆགས་ཡོད།
དེ་སྔོན་གྱི་བོད་ལ་སྐྱོད་པའི་ལམ་བུ་དེ་དཀའ་ཚེགས་ཆེ་ཡང་།ད་ལྟའི་བོད་དུ་སྐྱོད་པའི་ལམ་བུ་དེ་སྟབས་བདེར་གྱུར་ཡོད་པས།ཉིན་གཅིག་གིས་ལེ་དབང་སྟོང་གི་ས་ཆར་སླེབས་ཐུབ་པ་དེ་ནི་རྒྱ་བཟའ་ཀོང་ཇོའི་ལྷག་བསམ་དག་པའི་སྨོན་འདུན་མ་ཡིན་ནམ།

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།