非遗资讯 法规文件 政策信息 代表作 传承人 非遗名录 遗产选粹 文化风情 保护基地 他山之石
བདེ་ཆེན་སྐོར་བྲོ།
ཡོངས་བསྒྲགས་ཀྱི་དུས་ཚོད།༇ 2013-11-06 19:13:48   འབྱུང་ཁུངས།༇

སྐོར་བྲོ་འཁྲབ་བཞིན་པ།

སྐོར་བྲོ་ནི་རོལ་ཆས་ཀྱི་རམ་དཀྲོལ་མེད་པའི་ཐུན་མོང་གི་བྲོ་གར་ཞིག་ཡིན།ཡུན་ནན་གྱི་ཡུལ་སྐོར་ལྗོངས་ཁུལ་སེམས་ཀྱི་ཉི་ཟླ་བདེ་ཆེན་ས་ཁུལ་གྱི་ས་ཆ་འགའ་ཤས་སུ་སྐོར་བྲོ་ཞེས་འབོད་ཀྱི་ཡོད་ཅིང་།ས་ཆ་འགའ་ཤས་སུ་ཚ་ལ་(རྩེ་མོ་རྩེད་པའི་དོན)ཞེས་འབོད་ཀྱི་ཡོད།སྐོར་བྲོ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་དེ།སྤྱི་ལོའི་དུས་རབས་བདུན་པའི་སྔོན་དུ་ཕུགས་འདེད་ཆོག་ཅིང་།བདེ་ཆེན་བོད་རིགས་ཀྱི་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་དང་བསྟུན་ནས་རིམ་གྱིས་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཡོད།དེའི་ཕྱིར།སྐོར་བྲོ་ལ་ནས་རྡུང་བ་དང་བལ་འཁལ་བ།ཨ་རག་བསྙལ་བ་སོགས་ཀྱི་ནང་དོན་ཡོད་ལ།དཔའ་བོ་ལ་བསྟོད་པ་དང་།བདེ་ཆེན་བོད་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་གཉེན་སྒྲིག ཁང་གསར་བཞེངས་པ།སྐུ་མགྲོན་བསུ་བ་སོགས་ཀྱི་ནང་དོན་ཡོད།སྐོར་བྲོ་ནི་སྤྲོ་དགའ་བྱེད་པའི་བྲོ་གར་ཞིག་ཡིན་ཞིང་།གཉེན་སྒྲིག་སྟོན་མོ་དང་ལོ་གསར་སོགས་འདྲ་མིན་སྣ་ཚོགས་ཀྱི་དགའ་སྤྲོའི་དུས་ཆེན་ཐུག་དུས་ཕོ་མོ་རྒན་གཞོན་མི་དབྱེ་བར་ཀུན་གྱིས་སྐོར་བྲོ་འཁྲབ་ཆོག་པ་རེད།

སྐོར་བྲོ་ལ་ཚ་རྙིང་དང་ཚ་གསར་ཁག་གཉིས་ཡོད་དེ།ཚ་རྙིང་ནི་སྐོར་བྲོ་རྙིང་པ་ཡིན་ཞིང་ཚ་གསར་ནི་སྐོར་བྲོ་གསར་པ་ཡིན།ཚ་རྙིང་ནི་བོད་བཙན་པོའི་སྐབས་སུ་བདེ་ཆེན་དུ་དར་བ་ཡིན་ཞིང་།བྲན་གཡོག་སྤྱི་ཚོགས་དང་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་མཚོན་ཡོད་ལ།མཆོད་འབུལ་གྱི་རང་བཞིན་ལྡན་པས།ཆོས་པ་དང་མི་རྒན་རྣམས་ཀྱིས་ཚ་རྙིང་འཁྲབ་པར་དགའ་པོ་ཡོད།བྲོ་ཚིག་གི་ནང་དོན་དང་གར་འགྲོས་ནི་གནའ་ཉམས་དོད་པོ་ཡིན།དཔེར་ན།《བསམ་ཡས་ལྷ་ཁང་བཞེངས་པ》ཞེས་པ་དང་《གཟི་བྱིན་ཆགས་པའི་དགོན་སྡེ》《ལོ་ལེགས་བྱུང་བ》ཞེས་པ་སོགས་ཡོད།སྐོར་བྲོ་དེ་རིགས་འཁྲབ་དུས་གཏན་འཁེལ་གྱི་བྲོ་ཚིག་མ་གཏོགས་སྤྱོད་མི་ཆོག་པ་དང་།གར་འགྲོས་ཀྱང་དལ་ཞིང་བག་ཆགས་པོ་རེད།ཚ་གསར་གྱི་བྲོ་ཚིག་དང་གར་འགྲོས་ནི་གནས་བབ་དང་བསྟུན་ནས་བསྒྱུར་ཆོག་ཅིང་།ངལ་རྩོལ་དང་།ཞིང་ཕྱུགས་ལས།ཚོང་ལས།ཕོ་མོའི་བརྩེ་དུང་མཚོན་པ་སོགས་ནང་དོན་འདྲ་མིན་སྣ་ཚོགས་ཡོད།དཔེར་ན།《གསེར་ཐང་གི་སྟེང་ལ》ཞེས་པ་དང་《བྱང་ཕྱོགས་རྩྭ་ཐང་ཆེན་མོ》ཞེས་པ་སོགས་ཡོད།བདེ་ཆེན་གྱི་ཚ་གསར་ནི་ན་གཞོན་ཕོ་མོ་རྣམས་ཀྱིས་འཁྲབ་དགའ་བའི་བྲོ་གར་ཞིག་རེད།ན་གཞོན་ཕོ་མོ་རྣམ་ས་ཀྱིས་ཚ་གསར་བྲོ་ཚིག་གི་དཔེ་རྒྱན་ཆ་སྒྲིག་པར་བརྟེན་ནས་ཕན་ཚུན་བར་གྱི་བརྩེ་དུང་མཚོན་རེས་བྱ་རྒྱུ་རེད།དཔེར་ན།ཙན་དན་ལྗོན་པ་དང་བྱ་རྨ་བྱ་ཆ་སྒྲིག་པ་དང་།ཤུག་པ་དང་བྱ་ནེ་ཙོ་ཆ་སྒྲིག་པ།ལྕང་མ་ལྗོན་པ་དང་བྱ་ཁུ་བྱུག་ཆ་སྒྲིག་པ།གངས་རི་དང་ཤྭ་བ་ཆ་སྒྲིག་པ།ནགས་ཚལ་དང་གླ་བ་ཆ་སྒྲིག་པ།རྩྭ་ཐང་དང་མེ་ཏོག་ཆ་སྒྲིག་པ།ཉ་དང་ཆུ་ཆ་སྒྲིག་པ་ལྟ་བུའོ།

སྐོར་བྲོའི་བྲོ་ཚིག(དམིགས་བསལ་དུ་ཚ་རྙིང་གི་བྲོ་ཚིག)ལ།ཚགས་དམ་པའི་ཚིག་རིམ་གྱིས་བརྗོད་པ་དང་དཔེ་རྒྱན་སྤྱོད་པའི་ལུགས་ཤིག་ཡོད་དེ།དཔེར་ན།དགུང་ཨ་སྔོན་ལ་བསྟོད་ན་ངེས་པར་དུ་ཉི་ཟླ་གཟའ་སྐར་ལ་བསྟོད་དགོས་པ་དང་།མི་ལ་བསྟོད་ན་བླ་མ་དཔོན་པོ་དང་།བུ་དཔའ་བོ་སོགས་ལ་བསྟོད་དགོས་ལ།ས་ཆར་བསྟོད་ན།པེ་ཅིན་དང་ལྷ་ས།ཕ་ཡུལ་སོགས་ལ་བསྟོད་པ་ལྟ་བུའི་གཏན་འཁེལ་གྱི་ཚིག་འགྲོས་ཡོད།

སེམས་ཀྱི་ཉི་ཟླ་བདེ་ཆེན་གྱི་སྐོར་བྲོ་ལ་ས་གནས་ཀྱི་ཁྱད་པར་ཡོད།དཔེར་ན།འཇོལ་པའི་སྐོར་བྲོ་ལ་ཐོག་མཐའ་བར་གསུམ་དུ་གཏན་འཁེལ་གྱི་གོ་རིམ་བརྒྱུད་ནས་འཁྲབ་དགོས་པ་སྟེ།སྤྱིར་བཏང་གི་གོ་རིམ་ནི།གཞས་བ་འབོད་པ།གཡང་བྲོ།བསུ་བྲོ།བསྟོད་བྲོ།འཛོམས་བྲོ།གྲམ་བྲོ།བཀག་བྲོ་དང་བཀྲ་ཤིས་བརྗོད་པ་བཅས་ཀྱི་གོ་རིམ་ལྟར་འཁྲབ་དགོས།དེའི་ནང་དུ་གཞས་བ་འབོད་པ་དང་བཀྲ་ཤིས་བརྗོད་པ་མ་གཏོགས་པར།དེ་མིན་གྱི་བྲོའི་གདངས་ནི་ཁག་འགའ་ནས་ཁག་བཅུ་ཕྲག་འགའ་ཤས་བར་མི་འདྲ་བ་ཡོད།འོན་ཀྱང་འཁྲབ་དུས་ངེས་པར་དུ་གོ་རིམ་ལྟར་འཁྲབ་དགོས། 

རྩོམ་སྒྲིག་པ།:李晓燕
གཙོ་སྒྲུབ། ཀྲུང་གུང་སེམས་ཀྱི་ཉི་ཟླ་རྫོང་ཨུ། སེམས་ཀྱི་ཉི་ཟླ་རྫོང་མི་དམངས་སྲིད་གཞུང་།
འགན་སྒྲུབ། སེམས་ཀྱི་ཉི་ཟླ་རྫོང་ཨུའི་ཆ་འཕྲིན་ལག་རྩལ་དོ་དམ་ལྟེ་གནས། སེམས་ཀྱི་ཉི་ཟླ་གློག་རྡུལ་སྲིད་དོན་དོ་དམ་ལྟེ་གནས། 0887-8222726
གྲ་སྒྲིག་ཡིག་ཆའི་ཨང་རྟགས། ཡུན་ནནICP ཨང་རྟགས། 13000589
ལག་རྩལ་རྒྱབ་སྐྱོར། ཡུན་ནན་དྲ་བ།